དྲ་ཚིགས་ཀྱི་མདུན་ཤོག>>ཤེས་བྱ། >> བརྙན་འཕྲིན་འཁྲབ་ཚན་ཕབ་སྒྱུར་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་འགའ།

བརྙན་འཕྲིན་འཁྲབ་ཚན་ཕབ་སྒྱུར་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་འགའ།

འཇམ་དབྱངས།

གཅིག  ཚིག་མཛོད་བལྟ་ཤེས་པ་དང་། ཚིག་མཛོད་བལྟ་རྒྱུར་དགའ་ཞེན་བྱེད་དགོས།   ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་ཞིག་གི་ངོས་ནས་བརྗོད་ཚེ། ཚིག་མཛོད་བལྟ་ཤེས་པ་བྱེད་རྒྱུ་དང་། ཚིག་མཛོད་བལྟ་རྒྱུར་དགའ་ཞེན་བྱེད་དགོས་པ་ནི་རྨང་གཞིའི་ཆ་རྐྱེན་ཡིན་པ་མ་ཟད།  གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཀྱང་ཡིན།   འགའ་རེས་ཚིག་མཛོད་ལ་མ་བལྟས་པར་གང་དགའ་གང་འདོད་ཀྱིས་ཡིག་སྒྱུར་བྱེད་ཀྱི་འདུག དེ་འདྲ་བྱས་ན་ཡིག་སྒྱུར་གྱི་ནང་དོན་ཉམས་པ་དང་། དོན་འགལ་བ་སོགས་ཀྱི་སྐྱོན་མང་པོ་ཞིག་ཐོན་ངེས་ཡིན། བོད་ཀྱི་གཏམ་དཔེར་ཡང་། བཤད་མི་དགོས་གཏམ་དེ་གྱོད་ལ་ཐུག འགྲོ་མ་ཤེས་གོམ་དེ་རྡོ་ལ་ཐུག ཞེས་པ་དང་དོན་གཅིག་ཡིན་ནོ། །

གཉིས། ཡིག་སྒྱུར་གྱི་བྱང་ཚད་ཐོན་པོ་ཡོད་དགོས། དེ་ནི་ཚད་མཐོའི་གཅིག་བསྡུས་ཀྱི་སྐད་ཆ་ཞིག་ཡིན་ཞིང་། དེའི་ནང་ཡིག་སྒྱུར་མཁན་གྱི་ཡིག་སྒྱུར་གཞུང་ལུགས་ཡོན་ཚད་དང་།  ཡིག་སྒྱུར་ལག་ལེན་གྱི་འཇོན་ཐང་ཚང་མ་ཚུད་ཡོད། དཔེར་ན་རང་རེའི་བོད་ཀྱི་ཡིག་སྒྱུར་གཞུང་ལུགས་ནང་རླུང་ལྟར་གྲགས་པའི་ཡིག་སྒྱུར་གྱི་རྩ་དོན་གསུམ[1]དང་། ཐབས་དམ་པ་བཞི[2]སོགས་སེམས་ལ་བརྟན་པོ་ཡོད་དགོས་པ་མ་ཟད། དེ་བཞིན་རྒྱའི་ཡིག་སྒྱུར་གཞུང་ལུགས་ནང་གི་”མཐུན་བདེ་འཇུག་གསུམ་”ཟེར་བ་སོགས་ལག་ལེན་དངོས་ཀྱི་ནང་དུ་བེད་སྤྱོད་གཏོང་མཁས་པོ་ཐུབ་པ་དགོས།

གསུམ།  མི་རིགས་སོ་སོའི་སྐད་དང་ཡིག་དང་ཡུལ་སྲོལ་གོམས་གཤིས་ལ་བསྟུན་དགོས།  ལྟད་མོ་བསྟན་པའི་དགོས་པ་གཙོ་བོ་ནི།  དོན་གནད་གང་རུང་ཞིག་ལ་གསལ་བཤད་བྱེད་རྒྱུ་ཡིན། བྱས་ཙང་འཁྲབ་གཞུང་གི་སྤྱི་ཁོག་གང་ཡིན་སྔོན་ལ་ཤེས་རྟོགས་ཐུབ་པ་བྱས་རྗེས། ནང་དོན་འགའ་ཞིག་ཁ་སྐོང་དང་། ནང་དོན་འགའ་ཞིག་ཡུལ་སྲོལ་གོམས་གཤིས་དང་མཐུན་པར་བཟོ་བཅོས་རྒྱག་ཤེས་པ་བྱེད་དགོས། སྐབས་རེ་ནང་དོན་འགའ་ཞིག་ཐད་མ་ཡིག་གི་ཐད་ཀའི་བསྟན་དོན་ཇི་བཞིན[3]ཕབ་སྒྱུར་བྱས་ན་ནང་དོན་ཁ་གཅིག་ཏག་ཏག་སྡོད་ཀྱི་མ་རེད། དཔེར་ན་རྒྱའི་ཁ་དཔེར། 跑得了和尚,跑不了庙ཞེས་པ་ལྟ་བུ་རྒྱ་སྐད་ཀྱི་སྒྲ་དོན་ཇི་བཞིན་ཐད་ཀར། གྲྭ་པ་བྲོས་ཐར་ཡང་། དགོན་པ་བྲོས་ཐར་གྱི་མ་རེད། ཞེས་པ་ལྟ་བུར་སྒྱུར་ན་མི་བཟང་ཞིང་། དེས་ན་བོད་མིའི་འཚོ་བའི་ལུགས་དང་མཐུན་པར། ཤིག་ལ་བརྒྱབ་ཀྱང་གོང་བའི་ཕྱི་ནང་རེད། ཅེས་པ་ལྟར་བསྒྱུར་ན་འཚམ་ཤོས་རེད་སྙམ། དེ་བཞིན་རྒྱ་སྐད་ནང་གི་གཏམ་དཔེ། དཔེར་ན།  杀鸡给猴看ཞེས་པ་ལྟ་བུ་ཡང་བོད་སྐད་དུ་ཐད་ཀར། བྱ་དེ་བསད་ནས་སྤྲེའུར་མིག་བསྟན། ཞེས་པ་སོགས་སུ་བསྒྱུར་ན་དོན་དག་ཅི་ཡིན་ཧ་གོ་དཀའ། བྱས་ཙང་དེ་ལྟ་བུ་ཡང་བོད་མིའི་འཚོ་བའི་ནང་རྒྱུན་དུ་བེད་སྤྱོད་བྱེད་པའི་གཏམ་དཔེ། ར་བསད་ན་ལུག་འདར། ཞེས་པ་སོགས་སུ་བསྒྱུར་ན་བོད་མི་ཀུན་གྱིས་ཤེས་ཐུབ། དེ་མིན་རྒྱ་སྐད་ནང་གི་翻身农奴ཞེས་པ་ལྟ་བུ་བོད་སྐད་ནང་དུ་ཨ་ལོག་བརྒྱབ་པའི་ཞིང་བྲན་ཞེས་པ་སོགས་སུ་བསྒྱུར་ན་དོན་དག་གང་ཞིག་བསྟན་གྱི་ཡོད་པ་མི་ཤེས་པས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསུངས་པ་བཞིན། འཇིག་རྟེན་སེམས་དང་མ་བསྟུན་ན། དེ་ནི་བདག་གི་ཆོས་མིན་ཞེས། བསམ་པ་བཟང་པོ་སྔོན་བཏང་ལ། འཇིག་རྟེན་ཡོད་ཆོས་དྲི་བར་བྱ། ཞེས་པའི་དགོངས་དོན་དང་མཐུན་པར་བོད་མིའི་འཚོ་བའི་ནང་དེ་དང་དེ་འདྲ་བའི་བཤད་ཚུལ་ཡོད་མེད་ལ་བརྟག་ཞིབ་བྱེད་དགོས་པ་ཡང་ཤིན་ཏུ་གལ་ཆེ་བར་སེམས་སོ། །

བཞི།    བརྙན་འཕྲིན་འཁྲབ་གཞུང་གི་ཡིག་སྒྱུར་དག་ཆའི་སྐོར་གྱི་གནད་དོན།   དག་ཆའི་སྐོར་གྱི་གནད་དོན་འདི་ནི་ཡིག་སྒྱུར་བྱ་གཞག་གཞན་དང་གཏན་ནས་མི་འདྲ་བར་དམིགས་བསལ་གྱི་དོན་ཆེན་ཞིག་ཡིན་པས། དེའི་ཐད་ཞིབ་འཇུག་གཏིང་ཟབ་བྱེད་རྒྱའི་དགོས་གལ་ཤིན་ཏུ་ཆེ། གང་ཡིན་ཟེར་ན། བོད་ཡིག་བོད་སྐད་དེ་རྒྱ་ཡིག་རྒྱ་སྐད་དང་མི་འདྲ་བར་སྐད་ཡིག་བར་ཧེ་བག་ཆེན་པོ་ཡོད་པ་དང་། སྒྲ་སྦྱོར་བའི་རིག་གནས་ཆུ་ཚད་ཀྱང་མཐོ་དམན་སྣ་ཚོགས་ཡོད་སྟབས། འཁྲབ་གཞུང་སྒྱུར་ཡིག་ལ་གོ་བ་ལེན་སྟངས་ཀྱང་གཏན་ནས་མི་འདྲ། གལ་སྲིད་དག་ཆ་གཙོར་བཟུང་བྱས་ན། འཁྲབ་གཞུང་གི་སྐད་ཆ་མང་པོ་ཞིག་ཐད་ཀར་ཡི་གེ་ཀློག་གི་ཡོད་པ་ནང་བཞིན་རེད་འདུག དེར་བརྟེན་ལོ་མང་རིང་གི་གུས་པའི་ཡིག་སྒྱུར་ཉམས་མྱོང་ཐོག་ནས་ཞུས་ཚེ།  བརྙན་འཕྲིན་འཁྲབ་གཞུང་་གི་ཡིག་སྒྱུར་དག་ཆ་ནི་ཡིག་སྒྱུར་གཞུང་ལུགས་ཁང་ནས་སྒྲ་སྦྱོར་མཁན་གྱི་བར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཡིག་སྒྱུར་བས་འཁྲབ་གཞུང་ཡིག་སྒྱུར་གནང་སྐབས་བོད་སྐད་དེ་དག་རྒྱ་སྐད་ཀྱི་རིང་ཐུང་དང་གཅིག་པ་ཡོང་བ་དང་སྒྱུར་སྟངས་སྣ་ཚོགས་ཧྲག་སྒྲུག་བྱས་ནས་སྙན་པོ་དང་། གནད་ལ་འཁེལ་བ། འཇུག་པོ་ཡོང་བ་བཅས་བྱ་རྒྱུ་དགོས་གལ་ཤིན་ཏུ་ཆེ།

ལྔ།  བརྙན་འཕྲིན་འཁྲབ་གཞུང་ཡིག་སྒྱུར་བྱེད་སྐབས་མི་སྣའི་དབང་ཐང་དང་། ལོ་ན། ཡོན་ཚད་བཅས་ཀྱི་མཐོ་དམན་ལ་དོ་སྣང་ཆེན་པོ་བྱེད་དགོས། བརྙན་འཕྲིན་འཁྲབ་གཞུང་གཅིག་གི་ནང་མི་སྣའི་གོ་གནས་སོགས་འདྲ་མིན་སྣ་ཚོགས་ཤིག་ཐོན་ངེས་པས། བྱས་ཙང་མི་སྣ་སོ་སོའི་བརྗོད་གཏམ་ལ་དབྱེ་ཞིབ་ནན་པོ་བྱས་ཏེ། ཕན་ཚུན་མ་འཛིང་པ་བྱེད་དགོས་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། མཐོ་བ་རྒྱལ་པོ་འམ་དམའ་བ་མི་དྲག་ནས་དམའ་བ་སྤྲང་པོ་བར་དང་། རྒན་པ་སྤོ་བོ་རྨོ་བོ་ནས་གཞོན་པ་བྱིས་པ་བར་སོ་སོར་ཐུན་མིན་གྱི་སྐད་ཆའི་ཁྱད་ཆོས་རེ་ཡོད། དེ་ལ་གཞིགས་ནས་ཡིག་སྒྱུར་བས་ཀྱང་གང་ལ་གང་འཚམ་བཞིན་སྦྱར་དགོས་པ་ལས། ཐིག་གཅིག་གི་སྟེང་དུ་བཞག་ན་རའི་མགོ་བོ་ཁྱི་ལ་སྦྱར་བ་སོགས་ཀྱི་གནས་ཚུལ་ལྷག་ངེས་ཡིན་པས་གནད་འདི་ལ་ནི་ཡིག་སྒྱུར་བ་ནས་ཤིན་ཏུ་བག་ཟོན་གནང་གལ་ཆེའོ། །

དྲུག   བརྙན་འཕྲིན་འཁྲབ་གཞུང་ནི་ཡིག་སྒྱུར་རྩོམ་རིགས་གཞན་དང་མི་འདྲ་བར་འཁྲབ་གཞུང་ནང་གི་མི་སྣའི་བཟོ་ལྟ་དང་།   གདོང་གི་རྣམ་འགྱུར།  གཟུགས་པོའི་འགྱིང་སྟབས་བཅས་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་མ་ཟད།  དེ་དང་ཆབས་ཅིག་སྒྲ་སྦྱོར་མཁན་གྱི་བྱང་ཚད་ལའང་ངོས་འཛིན་གསལ་པོ་ཐུབ་པ་དགོས།  གང་ལགས་ཤེ་ན།  མི་སྣའི་ལུས་ངག་ལ་མ་བསྟུན་པར་མ་ཡིག་ཇི་མ་ཇི་བཞིན་བསྒྱུར་ཚེ་འཁྲབ་གཞུང་གི་རྩ་བའི་དགོངས་དོན་དང་མི་འགལ་རུང་།  བརྙན་རིས་དང་བརྗོད་གཏམ་གཉིས་བཟའ་འཚོ་ཁ་འབྲལ་དུ་གྱུར་ནས་ལྟད་མོ་གཟུགས་སྣང་དོད་པོ་ཞིག་དང་།  གསོན་ཉམས་ལྡན་པ་ཞིག་ཡོང་མི་ཐུབ།  གཞན་ཡང་ཁའི་གདངས་བཙུམ་དང་མཐུན་པར་བརྗོད་གགཏམ་གྱི་ཚིག་འབྲུ་མང་ཉུང་ལ་དང་དོད་ཆེན་པོ་བྱེད་དགོས་པ་མ་ཟད།  དེ་མིན་གདོང་གི་རྣམ་འགྱུར་ལ་གཞིགས་ནས་གདོང་གི་དགའ་སྐྱོ་སྡུག་གསུམ་གྱི་རྣམ་པ་དང་ཉམས་སྣང་མཚོན་པའི་ཚིག་སྦྱོར་བེད་སྤྱོད་བྱེད་རྒྱུར་ཡང་དོ་སྣང་གང་ཐུབ་བྱེད་དགོས།  དེ་ནི་སྒྲ་སྦྱོར་བ་དང་ཡིག་སྒྱུར་བའི་ཐུན་མོང་ཐོག་སྲུང་དགོས་པའི་རྩ་དོན་ཞིག་དང་།  འབད་བརྩོན་བྱེད་དགོས་པའི་གནས་ཤིག་ཀྱང་རེད།།
མཆན་འགྲེལ་དང་གསལ་བཤད།
[1] རྩ་དོན་ཆེན་པོ་གསུམ།
༡ བྱཱ་ཀ་ར་ནའི་སྒྲའི་ལུགས་དང་མཐུན་དགོས་པ། ༢  ཆོས་གཞུང་གི་དོན་དང་མི་འགལ་བ།  ༣ བོད་མི་རང་གི་གོ་བདེ་བ།
[2]བསྒྱུར་བའི་ཐབས་དམ་པ་བཞི།
༡ རང་སོར་བཞག་པ།
༢ དོན་སྒྱུར།
༣ ཐད་སྒྱུར།
༤ སྣོལ་སྒྱུར།

[3]ཐད་སྒྱུར།
     
གསལ་བཤད།  
  རྩོམ་ཡིག་འདི་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་རྩོམ་འབྲི་ཁང་གི་སྐལ་རྣམ་ལགས་ཀྱིས་ཞུས་ཆུང་ལོ་ཙཱ་བ་འཇམ་དབྱངས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ«བོད་ལྗོངས་སློབ་ཆེན་གྱི་རིག་དེབ»2009ལོའི་དུས་དེབ་གསུམ་པའི་ཐོག་འཁོད་པའི«བོད་སྐད་བརྙན་འཕྲིན་འཁྲབ་གཞུང་ཡིག་སྒྱུར་བྱ་གཞག་གི་འབྲེལ་ཡོད་ཤེས་བྱའི་སྐོར»ཞེས་པ་དེ་ལས“དྲི་ཞིམ་བྱུང་ན་རི་དྭགས་ཀྱི། ལྟེ་བ་ལས་ཀྱང་གླ་རྩི་ལེན”པའི་ཚུལ་དུ་བོད་བརྙན་གྱི་དོན་ཚེ་ཡིས་བཏུས་པ་ཡིན་ནོ།།

[ཡོང་ཁུངས། བོད་ལྗོངས་སློབ་ཆེན་གྱི་རིག་དེབ།༢༠༠༩.༣] [ཟླ་ཚེས། 12-04-13] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།

Copyright © 2011-2013 tibetitw.com

E-mail: bosubtitle@126.com